༄༅། །གསུམ་བཅུའི་དུས་དྲན་ནི། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་སྔར་བྱུང་མ་མྱོང་བའི་གོད་ཆག་ཆེན་པོ་ཞིག་གི་རྗེས་དྲན་ཡིན་ལ་རྒྱལ་གཅེས་དཔའ་བོ་ཁྲི་སྟོང་མང་པོས། རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཐ་དག་ བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་ཕུལ་བའི་རྨད་བྱུང་སྙིང་སྟོབས་ལ་གུས་བཀུར་རྗེས་དྲན་དང། ཁོང་ཚོའི་སྙིང་སྟོབས་དེ་མི་རབས་ཕྱི་མ་རྣམས་ཀྱིས་རྒྱུད་འཛིན་བྱེད་དགོས་པའི་དྲན་སྐུལ་ཡང་ཡིན། མདོར་བསྡུས་ནས་བཤད་ན། གསུམ་བཅུའི་དུས་དྲན་ནི། བོད་ཀྱི་བསྟན་སྲིད་རང་དབང་དེ་དགྲ་བོ་རྒྱ་དམར་གྱི་འོག་ཏུ་ཡོངས་སུ་ཤོར་ཁའི་ཉིན་མོ་སྟེ། ཕྱི་ལོ་ ༡༩༥༩ ཟླ་བ་ ༣ ཚེས་ ༡༠ ལ་རྗེས་དྲན་ཞུ་བ་ཞིག་ཡིན་ཞིང། ཉིན་མོ་འདིའི་རྗེས་ཙམ་ནས། ང་ཚོའི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུའི་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་བསྟན་སྲིད་བདེ་དོན་གྱི་ཆེད་དུ་གཞན་ཡུལ་དུ་བཙན་བྱོལ་ལ་ཕེབས་པ་དང། བོད་འབངས་རྣམས་གཞིས་བྱེས་གཉིས་སུ་ཁ་གྱེས་ཏེ། རང་ཡུལ་གཞན་ལག་ཏུ་ཤོར་བའི་ཆེས་ཐབས་རྡུགས་ཀྱི་འཚོ་བ་སྟེ་མི་ཡུལ་གྱི་སྡུག་བསྔལ་ཡོད་རྒུ་ང་ཚོའི་མི་རིགས་འདིས་མྱོང་དགོས་བྱུང། དེ་ཡང་ང་ཚོའི་འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན། གསུམ་གཉིས་ས་ཡི་དཀྱིལ་འཁོར་ལ་དབང་བསྒྱུར་བའི་བོད་རྗེ་ཆོས་རྒྱལ་ཚོའི་སྐུ་དུས་ནས། ༸གོང་ས་སྐུ་ཕྲེང་རིམ་བྱོན་དབར་གྱི་ལོ་རྒྱུས་ལས་བོད་འདི་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པ་ར་ཕྲོད་ངེས་ཡོད་པ་མ་ཟད། བོད་ཀྱི་ས་ཁམས་ཆགས་ཚུལ་དང། སྐད་ཡིག ཆས་གོས། རིག་གཞུང་སོགས་ཀྱི་ཐོག་ནས་ཀྱང་བོད་མི་རིགས་འདི་རྒྱ་མི་རིགས་དང་འབྲེལ་མེད་ཐ་དད་ཀྱི་མི་རིགས་གཙང་མ་ཞིག་ཡིན་པ་གསལ་པོ་ཡོད་རུང། གཅིག་ནས་བོད་སིལ་བུར་གྱུར་རྗེས། ཡུལ་ཚོ་ཡུལ་ཚོ་ཁག་བགོས་སོང་སྟབས། ཚོ་ཁག་ནང་ཕན་ཚུན་མི་མཐུན་པའི་འཐབ་རྩོད་ཀྱང་ཡང་ཡང་བྱུང་ཞིང་ཕྱི་རྒྱལ་གྱིས་བོད་ཀྱི་ས་མཚམས་ཁག་ཏུ་བཙན་འཛུལ་བྱུང་རིག་ལའང་བཀག་འགོག་འགན་ཁུར་སྤྱི་ཟོམ་དུ་ལུས་ཏེ། མཐུད་ཤོར་ཇེ་ཆེར་སོང་བའི་ཉིར་ལེན་དང། གཉིས་ནས་རྒྱ་ནག་ཡོངས་རྫོགས་དམར་པོས་དབང་བསྒྱུར་བྱས་རྗེས་སྔར་རྒྱ་ནག་གི་གོང་མ་རིམ་པའི་དུས་སུ་རྒྱ་བོད་མཆོད་ཡོན་གྱི་འབྲེལ་ལམ་སྣ་ཚོགས་ཤིག་བྱུང་བ་དེར་བསྙད་དེ། བོད་རྒྱ་ནག་གི་མངའ་ཁོངས་ཡིན་ཚུལ་གླེང་བ་དང། དེ་རྗེས་ ༡༩༤༩ ལོ་ནས་བོད་ལ་དྲག་ཤུགས་ཀྱིས་བཙན་འཛུལ་བྱས་ཏེ་ ༡༩༥༡ ལོར་ཁྲིམས་མཐུན་དང་དྲང་བདེན་མ་ཡིན་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་བཙན་ཤེད་ཀྱིས་མིང་རྟགས་འགོད་དུ་བཅུག་པ་མ་ཟད། བོད་གཞུང་གི་དམ་ཕྲུག་རྫུན་བཟོ་བྱས་ཏེ་ཕབ་པ་དང་ དེ་རྗེས་ཐོག་མར་རྒྱ་བོད་མི་རིགས་ནི་སྤུན་ཟླ་ཡིན་ཞེས་བཅོས་མའི་འཛུམ་གྱིས་བློ་བྲིད་སྣ་ཚོགས་དང། བར་དུ་བོད་མི་ཀླད་ཆུང་འགའ་ཤས་ལ་ངན་སློབ་དང་དངུལ་དངོས་ཀྱི་འགྲོ་གྲོན་ཕངས་མེད་བཏང་ནས་བསླུ་མཁས་དུ་མ་བྱས། མཐར་བོད་ཀྱི་ཆོས་དང་རིག་གཞུང་གི་གཞི་རྩ་བཟང་པོ་རྣམས་དགྲ་རུ་བཟུང་ནས་སྐྱོན་བརྗོད་དང། ངན་སྨྲས། དགོན་ཁག་བླ་གྲྭ་གཏོར་བཅོམ། སེར་སྐྱ་བསམ་ཡོད་ཅན་ཕལ་ཆེར་གསོད་བཟུང། ཉམས་ཆུང་མི་མང་རྣམས་ངན་ལས་སུ་བཀོལ་ནས་ཟས་ཕྱེད་བགྲངས་དང། གོས་ཕྱེད་དྲོས་ཀྱི་འཚོ་བ་སྐྱེལ་དགོས་བྱུང་བ་མ་ཟད། བོད་མི་ཚམ་མ་དམར་པོའི་རིང་ལུགས་ལས་རང་དབང་གི་སྒོ་ནས་ཤེས་བྱའི་གནས་ལ་རྟོགས་དཔྱོད་བྱེད་པའི་བློའི་སྒོ་འགོག་ཐབས་བྱས་པ་སོགས་བོད་མིའི་འདོད་བློ་དང་མི་འཚམས་པའི་བཙན་འཛུལ་གྱི་བྱ་ངན་རིམ་པར་བྱས་པ་དང། ལྷག་པར་ཕྱི་ཚུལ་དུ་༸གོང་ས་མཆོག་དམག་ཁུལ་ཁང་དུ་གཟིགས་མོར་གདན་འདྲེན་ཞུ་ཁུལ་དང། དོན་དངོས་སུ་སྐུ་ཕྱྭར་གནོད་འཚེ་བརྩམ་རྒྱུའི་ངན་འཆར་བཤམས་པར་བརྟེན། བོད་མིའི་སེམས་ཁོང་ནང་རིང་ནས་བསགས་པའི་ཟུག་གཟེར་རྣམས་དུས་གཅིག་ཏུ་ལངས་ནས། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་འབངས་ཚོས་༸གོང་ས་མཆོག་རྒྱ་དམར་གྱི་དམག་སྒར་ཏུ་ཕེབས་ཐལ་མི་ཡོང་བའི་ཞུ་འབོད་དང་འབྲེལ་བོད་རང་དབང་སྒེར་ལངས་ཀྱི་ངོ་རྒོལ་རྔམ་སྟོན་གཞི་རྒྱ་ཆེན་པོ་བྱས་པ་དང། དེར་རྒྱ་ནག་གཞུང་གིས་ཡ་ང་བྲལ་བའི་དྲག་གནོན་བྱས་ཏེ། བོད་མི་ཁྲི་ཕྲག་མང་པོ་དམར་གསོད་བཏང་བར་བརྟེན། ༸གོང་ས་མཆོག་ཀྱང་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང། དུས་དེ་ནས་བཟུང་ད་ལྟ་བར་ང་ཚོས་ལོ་ལྟར་རྒྱ་བལ་འབྲུག་གསུམ་གཙོ་གྱུར་བཙན་བྱོལ་བོད་མི་གནས་ཡུལ་ཚང་མར་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གོང་གསལ་ཁྲག་དང་མིག་ཆུའི་ལོ་རྒྱུས་དར་ཕྱིར་དྲན་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་ལ་གུས་བཀུར་བྱེད། ཉིན་མོ་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་དྲན་གྱི་གསུང་འཕྲིན་རེ་ཆེད་སྩལ་གནང་གི་ཡོད་ཅིང། བོད་མི་ཚོས་མཛད་སྒོའི་སར་མི་མང་ལངས་གླུ་སོགས་བཏང་ཐོག་རྒྱ་ནག་གཞུང་གི་ངན་སྤྱོད་ལ་ངོ་རྒོལ་སྐད་འབོད་དང། འཛམ་གླི་རྒྱལ་ཁབ་ཁག་དང་མི་མང་ཚོར་བདེན་པར་རྒྱབ་སྐྱོར་ཡོང་བའི་རེ་འབོད་བྱེད། ང་ཚོས་འདི་ལྟར་དྲན་གསོ་བྱས་ཏེ་ད་ལྟ་གསུམ་བཅུའི་དུས་དྲན་ཐེངས་ ____ བར་སླེབས་ཡོད་པ་དེས་ང་ཚོའི་དཀའ་སྡུག་དང་རེ་འབོད་ཀྱི་ལོ་ངོ་ ____ མཚོན་ཞིང་ང་ཚོའི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཀྱང་མཚོན། ང་ཚོའི་འདོད་དོན་མ་འགྲུབ་བར་གསུམ་བཅུའི་དུས་དྲན་བྱེད་མཚམས་འཇོག་མི་སྲིད་ཅིང། ང་ཚོའི་འདོད་དོན་ཡོངས་སུ་གྲུབ་པའི་ཉིན་མོར་ཡང། ང་ཚོའི་དུས་ཚོས་འདི་རྗེས་དྲན་བྱེད་པར་ངེས། རྒྱུ་མཚན་ནི་ང་ཚོའི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོང་ཡོངས་སུ་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ནི་དུས་ནམ་ཡང་ཕྱི་རབས་པ་ཚོས་དྲན་གསོ་བྱེད་འོས་པས་སོ།།
།གསུམ་བཅུའི་དུས་དྲན་སྐབས་ཀྱི་གླུ་ཁག་ཅིག་།
མི་མང་ལངས་གླུ།
༡༽ ལོངས་ཤོག་མི་ལོ་བཅུ་ཕྲག་བར་དུ། ང་ཚོ་ཡི་ཤ་ཟད་རུས་ལ་མ་ཐུག་བར། དགྲ་བོས་བཙན་གནོན་བཏང་བྱུང།
༢༽ ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུའི་ལོར། རྒྱལ་གཅེས་མི་མང་འུ་ཐུག་བཟོད་བྲལ་ཐབས་མེད་ཀྱིས་བདེན་པས་ཡར་ལ་ལངས་ཡོད།
༣༽ ལོངས་ཤོག་ལོངས་ཤོག་བོད་མི་རྣམས། འཛམ་གླིང་མི་མང་ང་ཚོའི་རྒྱབ་ཏུ་ལོངས་ཤོག་བདེན་པའི་དཔང་པོ་མཛོད་ཅིག།
༤༽ བོད་ལྗོངས་བདག་གིར་སྐྱོང་བ། ༸སྐྱབས་མགོན་ཆེན་པོ་༸གོང་ས་ཡིད་བཞིན་ནོར་བུ། གཞིས་བྱེས་བོད་མིའི་གཙོ་འཛིན།
༥༽ དགྲ་བོ་བཤན་པ་ལག་དམར། བཙན་རྒྱལ་རྒྱ་དམར་བོད་ནས་མཐར་སྐྲོད་གཏོང་གི་ཡིན། རྒྱལ་གཅེས་མི་མང་ལོངས་ཤོག།།
0 Comments